Discover
Voice of Tibet
Voice of Tibet
Author: Voice of Tibet
Subscribed: 93Played: 5,994Subscribe
Share
© VoT
Description
Voice of Tibet’s main objectives are to provide a channel for unbiased information and news to the Tibetans living under Chinese oppression in Tibet, to help preserve the threatened Tibetan culture, to educate the Tibetans in internationally acknowledged human rights, to inform about democracy and the democratic institutions of the Tibetan exile community, and to help prevent conflicts and discrimination. Another main objective is to improve communications within as well as between the Tibetan exile communities.
644 Episodes
Reverse
བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ སླེབས་ལ་ཉེ་བ་དང་བསྟུན། དེ་རིང་ཕྱི་ཚེས་ ༤ ཉིན་ཐའེ་ཝན་ནང་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཞེས་པའི་ལས་འགུལ་དབུ་འཛུགས་གནང་འདུག དེ་ཡང་དེ་རིང་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་གིས་གོ་སྒྲིག་འོག ཐའེ་ཝན་གྲོས་ཚོགས་ལྷན་ཁང་མདུན་དུ། Cycling for a Free Tibet འམ་བོད་རང་དབང་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་བ་དང་། སྐབས་དེར་ཐའེ་ཝན་གྲོས་ཚོགས་འཐུས་མི་ CHEN Pei-yu ལགས་དང་། ཐའེ་ཝན་ Keelung ས་གནས་གྲོས་ཚོགས་འཐུས་མི་ CHANG Chih-hao ལགས། དེ་བཞིན་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། གཞན་ཡང་ Taiwan Association for Human Rights འམ་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་ཁག་གཅིག་ལྷན་ཞུགས་གནང་འདུག རྩ་བའི་ཐའེ་ཝན་ནང་ཕྱི་ལོ་ ༢༠༡༡ ནས་བཟུང་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཉེའི་ཟླ་བ་གཅིག་གི་སྔོན་ཚུད་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་དོན་དྲིལ་བསྒྲགས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་སྲོལ་ཡོད་པ་དང་། ལས་འགུལ་དེའི་ཐོག་མའི་དམིགས་ཡུལ་ནི། ཐའེ་ཝན་ནང་གི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་མ་སོགས་ལ་རྒྱ་ནག་གི་གདུག་རྩུབ་འོག་གཞིས་ལུས་རྒྱ་ཆེ་མི་མང་ལ་རང་དབང་མེད་པ་དང་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་མདོར་ན་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་གསར་འཛུགས་གནང་མཁན་དང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། སྤྱིར་མང་ཚོགས་ནས་ལོ་ལྟར་སྤེལ་བཞིན་པའི་ལས་འགུལ་དེར་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་དང་། མ་ཟད་འདི་ལོ་དམིགས་བསལ་གྱི་གཞོན་སྐྱེས་མང་པོས་ལས་འགུལ་དེའི་ཐོག་མཉམ་ཞུགས་གནང་ཡོད་སྐོར་འགྲེལ་བརྗོད་དང་། ཐའེ་ཝན་ནང་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་རྒྱ་ཡིག་དང་རྒྱ་སྐད་བཀོལ་སྤྱོད་བྱེད་དགོས་ཀྱི་ཡོད་སྟབས། ད་བར་སྤེལ་བའི་ལས་འགུལ་རྣམས་ལམ་ལྷོང་ཡག་པོ་བྱུང་ཡོད་པ་དང་མ་འོངས་མུ་མཐུད་དེ་ལྟར་ལས་འགུལ་སྤེལ་ངེས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་། མ་ཟད་ཁོང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་ཡོངས་ལ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་སྟབས། ད་ལྟའི་ཆར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་པའི་འཐབ་རྩོད་ནུས་པ་དེ་གོང་འཕེལ་གཏང་དགོས་ན་བོད་མི་མི་རེ་ངོ་རེ་ནས་དེའི་ཐོག་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་ཡིན་ཞེས་གསུངས་སོང་།
The post ཐའེ་ཝན་ནང་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས། appeared first on vot.
ཟླ་བ་འདིའི་ཚེས་ ༡ ཉིན་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ ༢༧ ནང་གི་བཙན་བྱོལ་བོད་མི་རྣམས་ཀྱིས་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་བླངས་ཡོད་པ་དང་། དེ་རིང་ནས་ས་གནས་འོས་བསྡུ་ལས་ཁང་སོ་སོས་འོས་བསྡུའི་གྲངས་བཤེར་ཕྱོགས་བསྡོམས་གནང་འགོ་ཚུགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམ་པས་སྔོན་འགྲོའི་འོས་བསྡུའི་ཉིན་འོས་འཕེན་པ་མང་དག་ཅིག་ལ་བཅར་འདྲི་ཞུ་སྐབས། དཀའ་ངལ་མང་དག་ཅིག་གླེང་མཁན་བྱུང་བའི་ཁོངས་ནས་མང་ཆེ་བས་སྤྱི་འཐུས་ཀྱི་འགེངས་ཤོག་ནང་སྤྱི་འཐུས་བཅུ་མ་ཟད། དེ་དག་གི་སྡོད་གནས་དང་ལས་གནས་སོགས་ཞིབ་ཕྲ་མང་དག་ཅིག་དགང་དགོས་པ་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་དང་བཅས་མ་འོངས་འགེངས་ཤོག་སྟབས་བདེ་པོ་བཟོ་དགོས་པ་གསུང་མཁན་བྱུང་ཡོད། དེའི་ཁྲོད་ད་ཆ་རྒྱ་གར་ལྷོ་ཕྱོགས་ནང་སྐུ་བཞུགས་གནང་བཞིན་པ་དང་། དེ་སྔ་ལོ་མང་རིང་གཞུང་ཞབས་དང་གསར་འགོད་པ་བཅས་གནང་སྟེ་རྒས་ཡོལ་ལ་ཕེབས་པའི་གཡུ་རྒྱལ་ལགས་ཀྱིས་སེམས་འཚབ་དང་བཅས། དེ་རིང་ཆེད་དུ་མངགས་ནས་འདི་ག་གསར་འགོད་པར་འབྲེལ་བ་གནང་སྟེ་དཀའ་ངལ་དེ་དག་གླེང་གནང་བ་མ་ཟད། འོས་འཕེན་པའི་གྲངས་འབོར་མང་བའི་རྒྱ་གར་ལྷོ་ཕྱོགས་ལྟ་བུར་མཚོན་ན། སྤྱི་འཐུས་ཀྱི་འགེངས་ཤོག་ནང་མི་བཅུ་པོའི་མིང་ཙམ་མ་ཟད། དོན་ཚན་གཞན་མང་དག་ཅིག་དགང་དགོས་པ་དེ་དཀའ་ངལ་ཆེན་པོར་གྱུར་སྟེ་འོས་འཕེན་པ་ཁག་གཅིག་གིས་རང་ཉིད་ལ་འོས་གཞི་བཅུ་ཡོད་ཀྱང་ཉུང་ཤས་ལས་བཀང་མ་ཐུབ་པ་དང་། དེ་ལྟ་བུའི་དཀའ་ངལ་འཕྲོད་བྲིས་བསུབ་དེ་འདྲ་ཡོང་སྲིད་ཀྱང་འོས་བསྡུའི་སྒྲིག་གཞིའི་ནང་བྲིས་བསུབ་བཏང་ན་རྩིས་མེད་གཏོང་རྒྱུ་ཞེས་པ་ནི་དཀའ་ངལ་ཆེན་པོ་ཡིན་པ་གསུངས་སོང་། དེ་འབྲེལ་ཁོང་གིས་མ་འོངས་པར་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་བཞེངས་མཁན་རྣམས་ཀྱིས་སྔོན་ཚུད་ནས་དབུས་འོས་བསྡུ་ལས་ཁང་ལ་དེབ་སྐྱེལ་གནང་བ་དང་འབྲེལ་འོས་བསྡུ་ལས་ཁང་ནས་དོ་དག་སོ་སོར་ཨང་གྲངས་བགོས་ཐུབ་པ་ཡིན་ན། འོས་ཤོག་སྟབས་བདེ་རུ་འགྲོ་རྒྱུ་དང་། སྤྱི་འཐུས་ཀྱི་མིང་འབྲི་སྐབས་བྲིས་བསུབ་བྱུང་ན་འབྲེལ་ཡོད་འོས་གཞི་གཅིག་མ་གཏོགས་འོས་ཤོག་ཡོངས་རྫོགས་རྩིས་མེད་གཏང་རྒྱུ་མེད་པའི་འབོད་སྐུལ་གནང་གི་འདུག རྩ་བའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཁག་ཅིག་གིས་སྲིད་སྐྱོང་དང་དབུས་གཙང་ཆོལ་ཁའི་འགེངས་ཤོག་གི་ཚོན་གཅིག་པར་སོང་འོས་སྒམ་ནང་བླུགས་སྐབས་འཁྲུག་ཉེན་ཆེ་བས་མ་འོངས་པར་ཚོན་མི་འདྲ་བ་དགོས་པ་དང་། དེ་བཞིན་འོས་ཤོག་ནང་དགང་དགོས་པའི་དོན་ཚན་བཞི་པོ་རྣམས་སྟབས་བདེ་པོ་བཟོ་དགོས་པ། ཡིག་རྨོངས་དང་དམིགས་བསལ་དགོས་མཁོ་ཅན། དེ་བཞིན་ལོ་ན་བགྲེས་པ་རྣམས་ཀྱིས་འོས་འཕེན་སྐབས་སྡོད་གཅིག་ནང་མི་དང་ཡང་ན་ཡིད་ཆེས་བྱེད་སའི་མི་གཅིག་གི་རོགས་རམ་ལེན་ཆོག་གི་ཡོད་པ་ཁོ་ན་མ་ཡིན་པར་དོ་བདག་དཀའ་ངལ་ཡོད་རིགས་ལ་འོས་བསྡུ་ལས་ཁང་ནས་ཟུར་དུ་ཕྱག་རོགས་གནང་མཁན་ཞིག་དགོས་ངེས་ཡིན་པའི་གཞེན་སྐུལ་གནང་མཁན་བྱུང་སོང་བ་མ་ཟད། འོས་བསྡུའི་ས་ཚིགས་གཅིག་གི་ནང་མི་སྐྱ་ཞིག་གིས་རང་ཉིད་སྔགས་པ་ཡིན་སྐོར་བརྗོད་དེ་ཆོས་ལུགས་སྤྱི་འཐུས་ཀྱི་འགེངས་ཤོག་དགོས་པ་བཤད་སྟབས་དེ་འབྲེལ་དཀའ་ངལ་འཕྲད་པའང་བྱུང་ཡོད།
The post སྔོན་འགྲོའི་འོས་བསྡུའི་གོང་ནས་འོས་གཞིར་བཞེངས་མཁན་རྣམས་དེབ་འགོད་ཀྱིས་ཨང་གྲངས་སྤྲོད་དགོས་པའི་ཞུ་འབོད། appeared first on vot.
སེ་ར་བྱེས་མཁས་སྙན་གྲྭ་ཚང་གིས་ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་མའེ་སོར་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་ཐོག་གཙུག་ལག་རབ་འབྱམས་ཀྱི་ཆེད་སྦྱོང་དབུ་འཛུགས་གནང་བ་བཞིན། ཉེ་ལམ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠ པའི་ནང་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་གྲུབ་པ་མ་ཟད། མཐར་སོན་སློབ་མ་ ༣༧ གཙོས་པའི་འབྲེལ་ཡོད་དབུ་ལས་རྣམས་ལ་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་མཇལ་ཁ་སྩལ་འདུག དེའི་སྐོར་འདི་གའི་གསར་འགོད་པས་སེར་བྱེས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་ཐར་མཆོག་ལ་བཀའ་འདྲི་ཞུས་ཡོད། སྤྱིར་མའེ་སོར་གཙུག་ལག་སློབ་གཉེར་ཁང་གི་ངོས་འཛིན་ཡོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་ཆེད་སྦྱོང་ནང་ནང་པའི་ལྟ་གྲུབ་དང་། སེམས་ཁམས་རིག་པ། དེ་བཞིན་བོད་ཀྱི་སྐད་ཡིག་བཅས་སྡེ་ཚན་གསུམ་ལ་བཀའ་བཅད་གནང་ཡོད་པ་དང་། ད་རེས་གཙུག་ལག་རབ་འབྱམས་ཀྱི་བསླབ་པ་མཐར་སོན་ ༣༧ བྱུང་བའི་ཁོངས་ནས་བསྟན་འཛིན་ངག་དབང་ལགས་ནི་བོད་ཀྱི་སྐད་ཡིག་ཐོག་ཆེད་སྦྱོང་གནང་འདུག གཞི་རྩའི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཀར་ན་ཀྲ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་བཅས་སྐུ་མགྲོན་གཙོ་བོར་གདན་ཞུས་ཐོག མའེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་འཚོགས་ཡོད་པ་རེད།
The post སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་པ་རྣམས་ལ་མཇལ་ཁ་སྩལ་བ། appeared first on vot.
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གལ་ཆེའི་ལས་དོན་གཞུང་ཆེན་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་གྱིས་རིམ་པ་དང་པོའི་དགེ་བཤེས་ ༣༠ དང་དགེ་བཤེས་མ་ ༥ བཅས་ཁྱོན་གྲྭ་བཙུན་ ༣༥ ལ་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་༸སྐྱབས་རྗེ་དགའ་ལྡན་ཁྲིན་རིན་པོ་ཆེ་ནས་ཕྱག་འཁྱེར་འབུལ་བཞེས་དང་༸གང་ཉིད་མཆོག་གིས་མཇལ་ཁ་སྩལ་སོང་བ་མ་ཟད། གཞན་ཡང་ཉིན་ཤས་གོང་འདི་ག་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་ཐོག་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཁྱོན་མི་གྲངས་ ༨༠ ཙམ་ལའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་སོང་། མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་དྲི་བར་ལན་འདེབས་ཁྲོད། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་གིས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་དགོས་གལ་ཐོག་བཀའ་སློབ་ལམ་སྟོན་ལན་མང་ཕེབས་པ་ལྟར། ༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༤ ཞིང་བཤེགས་དམ་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། ཡང་སྲིད་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་འཁུར་ཆེ་བཞེས་ཀྱིས་མཐུན་རྐྱེན་འཚོལ་སྒྲུབ་གནང་ནས་ཨ་རིའི་ཀ་ཡ་མཎྜ་ལ་ཚོགས་པ་ནས་ལོ་བཅུའི་རིང་མཐུན་འགྱུར་གནང་རྒྱུ་ཞལ་བཞེས་དང་འབྲེལ། ལོ་གསུམ་རིང་གཞུང་ཆེན་བཀའ་པོད་ལྔའི་ཐོག་རང་སོ་སོས་བརྗོད་གཞི་འདེམས་སྒྲུག་གིས་བསླབ་པ་མཐར་སོན་གྲུབ་པའི་རིམ་པ་དང་པོའི་དགེ་བཤེས་དང་དགེ་བཤེས་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཕྱག་འཁྱེར་འབུལ་བཞེས་དང་། མགོན་པོ་༸གང་ཉིད་མཆོག་ནས་མཇལ་ཁ་བཀའ་དྲིན་སྩལ་ཡོད་སྐོར་གསུངས་སོང་། མ་ཟད། འདི་གའི་གསར་འགོད་པས་ཆེས་ཐོག་མའི་གཞུང་ཆེན་རིག་གཅིག་རྐང་འཛིན་གྱི་བསླབ་པ་མཐར་སོན་པའི་དགེ་བཤེས་གཅིག་དང་དགེ་བཤེས་མ་གཅིག་ལ་བཀའ་འདྲི་ཞུས་ཡོད། རྩ་བའི་གཞུང་ཆེན་རིག་གཅིག་རྐང་འཛིན་ལས་གཞི་འདི་ནི་ཨ་རིའི་ཀ་ཡ་མཎྜ་ལ་ཚོགས་པ་ནས་ལོ་བཅུའི་རིང་མཐུན་འགྱུར་གནང་རྒྱུ་ཞལ་བཞེས་ཀྱིས། ཐོག་མའི་ཆར་ཨ་རིར་ཡོད་པའི་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། དེ་ནས་ཨ་རི་ (FTM) བརྒྱུད་ནས་མཐུན་འགྱུར་གནང་རྒྱུ་གཏན་ཁེལ་བྱུང་ཞིང། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་འགན་ལེན་གྱིས་ཕྱི་ལོ་ ༢༠༢༠ ལོ་ནས་གོ་འཛུགས་གནང་བ་ཞིག་རེད་འདུག གཞན་ཡང་། ཟླ་སྔོན་མའི་ཕྱི་ཚེས་ ༣༠ ནས་དབུ་འཛུགས་ཀྱིས་ཟླ་འདིའི་ཚེས་ ༡ བར་ཉིན་གྲངས་གསུམ་རིང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཐུན་མོང་གི་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཁྱོན་ ༨༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་ཐོག་ཟབ་ཁྲིད་སྦྱོང་བརྡར་ཞིག་གནང་ཡོད་པ་དང་བསྟུན། དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་འབྲེལ་ཡོད་ལྟ་གྲུབ་དགེ་རྒན་དང་སཱི་ཤེས་ཡོན་མཐུན་སྦྱོར་བ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་། དེའི་སྐོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་སུ་བཀའ་འདྲི་ཞུས་ཡོད། རྩ་བའི་ཐེངས་འདིའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་ཟབ་སྦྱོང་ཐོག་སྐུ་མགྲོན་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ལྷུན་འགྲུབ་མཆོག་ཆེད་ཕེབས་གནང་ཡོད་པ་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། ཟབ་སྦྱོང་ནང་ཤེས་རིག་ལས་ཁུངས་ཁྱབ་ཁོངས་རྒྱ་བལ་གཉིས་ཀྱི་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་ ༤༠ དང་། གདན་ས་གསུམ་གཙོས་པའི་དགོན་སྡེ་ཁག་གི་དགེ་རྒན་ ༤༠ ཙམ་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་སྦེལ་ཀོབ་ CVP སམ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་ཚེ་རིང་ཆོས་འཕེལ་ལགས་དང་ཨང་རྩི་དགེ་རྒན་བསྟན་འཛིན་གསལ་སྒྲོན་ལགས་གཉིས་སུ་བཀའ་འདྲི་ཞུས་ཡོད།
The post གཞུང་ཆེན་རིགས་གཅིག་རྐང་འཛིན་པ་གཙོས་ལྟ་གྲུབ་དགེ་རྒན་དང་སཱི་ཤེས་ཡོན་མཐུན་སྦྱོར་བ་རྣམས་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ། appeared first on vot.
བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ དང་བྱང་ཨ་རིའི་ས་གནས་ཁག་ ༣༤ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་རེད། དེ་ཡང་ཁ་སང་ནིའུ་ཡོཀ་དང་ནིའུ་འཇར་སིས་གཙོས་པའི་བྱང་ཨ་རིར་གནས་སྡོད་བོད་མི་ཚོས་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༨།༠༠ བར་འོས་ཤོག་འཕེན་རྒྱུའི་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ས་ཚིགས་སོ་སོར་མང་ཚོགས་ནས་ཚ་ཚ་འུར་འུར་ངང་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བླངས་འདུག །འདི་ག་རླུང་འཕྲིན་ཁང་གིས་བྱང་ཨ་རིའི་ས་གནས་ཁྲོད་ནས་བོད་མི་མི་འབོར་མང་ཤོས་ཡོད་སའི་ས་གནས་ནིའུ་ཡོཀ་དང་ནིའུ་འཇར་སིའི་འོས་བསྡུ་དེབ་འཁོད་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་འོས་བསྡུའི་གནས་ཚུལ་རྒྱུས་ལོན་ཞུས་པར་ཁོང་གིས། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་ཁོ་ནར་ཆ་བཞག་ན་དེབ་སྐྱེལ་བྱེད་མཁན་ ༦༠༦༥ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་དངོས་སུ་འོས་འཕེན་པར་ཡོང་མཁན་ ༣༥༠༠ ལྷག་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་། མ་ཟད་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་རྒྱལ་ས་གཙོས་པའི་ཡུལ་དེའི་གྲོང་ཁྱེར་ཆེ་ཁག་དང་། དེ་བཞིན་རྒྱལ་ས་ Ottawa ཨོ་ཊ་ཝས་གཙོས་པའི་ Canada ཁེ་ན་ཌའི་གྲོང་ཁྱེར་ཆེ་ཁག་སོགས་བྱང་ཨ་རིའི་ས་གནས་ཚང་མར་འོས་བསྡུའི་ལས་རིམ་ཚགས་ཚུད་ལམ་ལྷོང་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་རེ་ཞིག་མཇུག་སྒྲིལ་ནས། ད་ལྟའི་ཆར་ས་གནས་ཚང་མའི་འོས་སྒམ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྱོར་དང་འབྱོར་མུས་ཡིན་པ་དང་ཆབས་ཅིག ཚེས་ ༣ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུའི་ཚོགས་མི་ལྷན་འཛོམས་ཐོག་འོས་ཤོག་གྲངས་བཤེར་གནང་རྒྱུ་མ་ཟད། དེ་ནས་གྲངས་བཤེར་བྱས་པའི་ཕྱོགས་བསྡོམས་ཐོ་གཞུང་རྣམས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་དོན་ལྟར་བཞུགས་སྒར་དུ་དབུས་འོས་བསྡུ་ལས་ཁང་དུ་གཏོང་རྒྱུ་ཡིན་པ་རེད་འདུག ཕྱོགས་མཚུངས་ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་ལྟར། ཨིན་ཡུལ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཨིན་ཡུལ་དང་ནོར་ཝེ། ཌན་མག སུའི་ཌན། ཨ་ཡར་ལན་ཌི། དེ་བཞིན་པོ་ལན་ཌི་བཅས་སུ་འོས་བསྡུ་ས་གནས་ ༨ ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གནང་ཡོད་པ་དང་། སུད་སི་དོན་ཁང་ཁྱབ་ཁོངས་སུ་སུད་སི་དང་། ཨི་ཊ་ལི། […]
The post ཡུ་རོབ་དང་བྱང་ཨ་རིའི་ས་གནས་ཁག་ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བ། appeared first on vot.
དེ་རིང་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་ནི། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཉིན་མོ་ཡིན་པ་རེད། ཐེངས་འདིའི་འོས་བསྡུའི་ནང་རྒྱལ་སྤྱིའི་ཁྱོན་དུ་གནས་སྡོད་བཙན་བྱོལ་བོད་མི་སྡོམས་ ༩༡༠༤༢ ནས་དེབ་སྐྱེལ་གནང་ཡོད་པ་དང་། འོས་བསྡུའི་ནང་དུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་ ༤ དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་མི་གྲངས་ ༡༠༠ ཙམ་ཡོད་པ་རེད། དེ་རིང་འཛམ་གླིང་རྒྱལ་ཁབ་ ༢༧ ནང་གི་ས་ཚིགས་ཁག་ ༣༠༩ ནང་དུ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་དང་གནང་མུས་མ་ཟད། ལྷག་པར་ད་ཆ་བོད་མི་མང་དག་ཞིག་དགུན་དུས་སུད་ཚོང་གཉེར་བཞིན་པའི་དུས་སྐབས་དང་བསྟུན། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་བོད་མི་སུད་ཚོང་བ་རྣམས་ཀྱི་ཆེད་དུ་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ ༣༡ ཙམ་གྱི་ནང་དུ་འོས་བསྡུའི་ས་ཚིགས་གོ་སྒྲིག་གནང་ཡོད་པ་རེད། རྒྱ་གར་ནང་དུ་དེ་རིང་སྔ་དྲོ་འོས་བསྡུའི་ལས་རིམ་འགོ་འཛུགས་མ་གནང་གོང་དུ། ནིའུ་ཛི་ལེནྜ་དང་ཨོ་གླིང་། ཐའེ་ཝན་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སྟྲེ་ལི་ཡ་ཨེ་ཤི་ཡ་རྒྱལ་ཁབ་ཁག་ཏུ་སྔོན་འགྲོའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་གནང་ཡོད་པ་མ་ཟད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཀོ་རི་ཡའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྒྱ་གར་ལ་མཚོན་ན་བཞུགས་སྒར་དྷ་རམ་ལ་གཙོས་བོད་མི་གནས་སྡོད་ས་གནས་ཁག་ཅིག་ཏུ་འོས་བསྡུའི་གནས་ཚུལ་རྒྱུས་ལོན་གནང་ཆེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་དང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། རྒྱ་གར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར། དེ་བཞིན་ལ་དྭགས་དང་གཞན་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་བཅས་སུ་ཆེད་བསྐྱོད་གནང་ཡོད། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འདི་ག་གསར་འགོད་པའི་བཅར་འདྲི་སྐབས། རྒྱ་ནག་གི་དབང་འགྱུར་འོག་བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་ཙམ་ཡང་མེད་པའི་ཁྲོད། བཙན་བྱོལ་ནང་དུ་བོད་མི་རྣམས་ནས་ལོ་ངོ་ ༦༠ ལྷག་གི་རིང་བོད་དོན་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་རྒྱུན་སྐྱོང་གནང་བཞིན་པ་མ་ཟད། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་འོས་བསྡུའི་ནང་དེ་ལྟ་བུའི་ཆ་ཤས་ལེན་རྒྱུ་ཡོད་པ་ནི་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་ཡིན་པ་གསུངས་སོང་། རྩ་བའི་རྒྱ་གར་གི་ས་གནས་མང་ཆེ་བའི་ནང་དུ་དེ་རིང་ཕྱི་དྲོ་ཚོུད་ ༥ པ་ནས་འོས་བསྡུ་ཆེན་མོ་གྲུབ་ཟིན་པ་དང་། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནང་མུས་ཡིན་ཡང་། ཨ་མི་རི་ཀའི་ནང་མཚོན་ན་འོས་བསྡུའི་ལས་རིམ་འགོ་བཙུགས་ལ་རན་པ་ཞིག་ཆགས་ཀྱི་ཡོད། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་གནང་སྐབས། མང་ཚོགས་ཕལ་ཆེ་བས་འོས་བསྡུའི་ས་ཚིགས་ཚང་མར་མཐུན་རྐྱེན་གྱི་གྲ་སྒྲིག་ཡག་པོ་གནང་ཡོད་སྐོར་གསུངས་སོང་བ་དེ་ལྟར་ཡང་། ཁག་ཅིག་གིས་སྲིད་སྐྱོང་དང་དབུས་གཙང་ཆོལ་ཁའི་འགེངས་ཤོག་གི་ཚོན་གཅིག་པར་སོང་འོས་སྒམ་ནང་བླུགས་སྐབས་འཁྲུག་ཉེན་ཆེ་བས་མ་འོངས་པར་ཚོན་མི་འདྲ་བ་དགོས་པ་དང་། དེ་བཞིན་འོས་ཤོག་ནང་དགང་དགོས་པའི་དོན་ཚན་བཞི་པོ་རྣམས་སྟབས་བདེ་པོ་བཟོ་དགོས་པ། […]
The post བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་ཁབ་ ༢༧ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་འཕེན་པ། appeared first on vot.
འདི་ལོ་བོད་མི་རྣམས་ནས་རྣམ་པ་འདྲ་མིན་ཐོག་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུ་བཞིན་པའི་ཁྲོད་འདིར། ལྷོ་ཀོ་རི་ཡཱའི་བོད་རིགས་སྤྱི་མཐུན་ཚོགས་པས་ཟླ་བ་འདིའི་ཕྱི་ཚེས་ ༢༡ ནས་ ༢༨ བར་བདུན་གཅིག་རིང་། ཡུལ་དེའི་ས་གནས་ཁག་བཞིའི་ནང་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་མཚོན་པའི་པར་རིས་འགྲེམས་སྟོན་གོ་སྒྲིག་དང་། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཁུལ་དེར་ཆེད་ཕེབས་ཀྱིས་ཁོང་ནས་བརྩམས་པའི་དཔེ་དེབ་འབྲུག་གི་དུག་རླུང་ལ་ཁ་གཏད་པ་ཞེས་པ་ཀོ་རི་ཡཱའི་སྐད་ཡིག་ཏུ་སྒྱུར་ཡོད་པ་དེ་དབུ་འབྱེད་གནང་ཐོག ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད། དེ་བཞིན་བོད་དང་ཀོ་རི་ཡཱའི་བར་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོ་དང་། དུས་རབས་ ༡༣ པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་འབྲེལ་བ་བྱུང་བའི་ལོ་རྒྱུས། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཇི་ལྟར་བྱས་ཚུལ། བོད་ནང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་དང་དེའི་རྒྱབ་ལྗོངས་ཀྱི་སྲིད་བྱུས། དེ་བཞིན་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པའི་གནད་དོན་སྐོར་གསུང་བཤད་དང་དྲི་བ་དྲི་ལན་སོགས་ཀྱི་ལས་རིམ་བསྐྱངས་འདུག
The post ལྷོ་ཀོ་རི་ཡཱར་༸གོང་ས་མཆོག་གི་མཛད་འཕྲིན་མཚོན་པའི་པར་རིས་འགྲེམས་སྟོན་དང་དཔེ་དེབ་ངོ་སྤྲོད། appeared first on vot.
ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམས་ནས་ལོ་ངོ་ ༣༧ འཁོར་བའི་ཉིན་མོ་དང་བསྟུན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་སྐོང་འཚོགས་གནང་སོང་། སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱི་གཙོ་སྐྱོང་འོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་། དགའ་ལྡན་ཕོ་བྲང་གི་ལས་བྱེད་འབུམ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས། བོད་ཀྱི་ཤེས་ཡོན་སློབ་གསོའི་སློབ་སྟོན་པ་དང་བོད་དོན་འཐབ་རྩོད་པ་འབུམ་རམས་པ་རྒྱལ་ལོ་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ངག་དབང་འོད་འབར་ལགས་ཀྱིས་བཅས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བོད་ཀྱི་ཆོས་དང་ཆབ་སྲིད། རིག་གནས་གསུམ་གྱི་ཐོག་མཛད་རྗེས་ཇི་ལྟར་བཞག་པའི་ཐོག་གསུང་བཤད་གནང་སོང་། དེའང་གཏམ་བཤད་པ་རྣམས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་། འཐབ་རྩོད། ཆབ་སྲིད་སོགས་ཀྱི་ཐོག་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་མི་སྣ་ཞིག་ཡིན་པ་ནན་བཤད་གནང་བ་མ་ཟད། རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་ནག་གི་ཇི་ལྟར་བཀྲོངས་ཚུལ་བཅས་མངོན་གསལ་གནང་སོང་། མ་ཟད་སྐབས་དེར་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས། ཕྱི་ལོ་ ༡༩༨༩ ལོར་༸ཀུན་གཟིགས༸པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཡིག་སྦྱོང་རྒྱུ་ནི་རང་གི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། ཕན་ཐོགས་རུང་མ་ཐོགས་རུང་ཅི་ནས་ཀྱང་བོད་ཡིག་སྦྱོང་དགོས། བོད་རིགས་ས་ཁུལ་དུ་བོད་སྐད་མི་ཤོད་པ་དང་བོད་ཡིག་མ་བཀོལ་ན། ས་འདི་ནས་བོད་རིགས་ཞེས་པའི་མི་རིགས་འདི་རང་ཤུགས་སུ་རྩ་མེད་འགྲོ་ངེས་ཡིན། དེར་བརྟེན་ཁྱོད་ཚོས་རང་མི་རིགས་གི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩི་དགོས་ཞེས་བཀའ་གནང་བ་ལུང་འདྲེན་དང་སྦྲགས། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་མཆོག་གིས་སྐུ་ཚེ་ཡོངས་རྫོགས་བོད་ཀྱི་ཆེད་དུ་གཏོང་བ་རེད་ཅེས་གསུངས་སོང་། མཛད་སྒོ་གྲུབ་མཚམས་སུ་འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ལ་གལ་འགངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་བཙན་དབང་གིས་རང་ཉིད་ཀྱི་སྐད་ཡིག་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་མེད་པ་བཟོ་བཞིན་པའི་གནས་སྟངས་ཤིག་ཡིན་སྟབས། བཙན་བྱོལ་ནང་དུ་བཞུགས་པའི་བོད་མི་རྣམས་ཀྱི་བོད་ཀྱི་སྐད་ཡིག་སོགས་ལ་བདག་ཉར་བྱེད་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་། རྩ་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་བོད་གཙང་བཀྲིས་ལྷུན་པོའི་གདན་ས་རུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་གནས་སྟངས་བྱུང་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཡོངས་རྫོགས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཆེད་དུ་གཏོང་བར་བརྟེན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་གྲོས་གཞི་དོན་ཚན་ ༤ པ་ག་པའི་གྲོས་ཆོད་དང་པོའི་ནང་བོད་ཕྱི་ནང་གི་རྒྱལ་སྤྱི་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་གྲུབ་ཆེད་དུ་གཞོན་ནུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བླ་སྲོག་ཏུ་གྲུབ་པའི་བོད་ཀྱི་སྐད་ཡིག་ཉིན་མོ་ཞིག་གཏན་འབེབས་དང་། འདི་ཉིན་ས་གནས་གཞོན་ནུ་ཁག་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ལས་འགུལ་སྤེལ་ཏེ། ཡོངས་ཁྱབ་སྲུང་བརྩི་བྱ་རྒྱུ་ཞེས་ཡོངས་ཁྱབ་གཏན་འབེབས་བྱུང་དོན་ལྟར། ཕྱི་ལོ་ ༢༠༡༨ ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆགས་འཇིག་དང་གཉན་ཕྲང་གི་དུས་སྐབས་དེར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་བརྟེན། ལོ་ལྟར་ཟླ་ ༡ ཚེས་ […]
The post ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི། appeared first on vot.
དེ་རིང་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥།༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་སྐོང་འཚོགས་གནང་སྟེ་སྦེལ་ཀོབ་ལུགས་བསམ་གཞིས་མི་ངག་དབང་བློ་གྲོས་སམ་སྨན་པ་རྟ་རར་གཞུང་འབྲེལ་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཕྲོག་པ་དང་། གཞན་ཡང་གནས་ཆུང་སྐུ་ཞབས་རྡོ་རྗེ་ལགས་དང་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་གཉིས་སུ་ཉེན་བརྡ་བཏང་ཡོད་པའི་གསལ་བསྒྲགས་སྤེལ་སོང་། དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དུ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་འགན་འཛིན་ལས་འཕར་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས། དེ་བཞིན་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་དང་འབྲེལ། ད་ལན་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འདི་བཞིན་རྒྱལ་ཁབ་ ༢༧ ནང་ས་གནས་འོས་བསྡུ་ལས་ཁང་ ༨༧ འོག་འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་གྲངས་ ༣༠༩ ཚོགས་ཆུང་དང་། ལས་བྱེད་ཁྱོན་གྲངས་ ༡༧༣༧ སུད་ཚོང་ཁག་གྲངས་ ༣༡ བཅས་སུ་སྔོན་འགྲོའི་འོས་བསྡུ་ལག་བསྟར་ཞུ་རྒྱུ་ཡིན་པ་གསུངས་སོང་། མ་ཟད་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུ་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་པས་ཉེ་སྔོན་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱི་ནས་གཞུང་བསྟེན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་ཞུས་སྐབས་ཀྱི་བཀའ་ལུང་དང་འབྲེལ། སྐུ་ཞབས་རྡོ་རྗེ་ལགས་ཀྱིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་འཕྲོས་བཤད་ཀྱིས་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་མང་དག་གནང་རྐྱེན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་བཅས་འགལ་འཛོལ་བྱུང་བས་ཁོང་ལ་ཉེན་བརྡ་བཏང་ཡོད་པ་བཅས་ཀྱི་གསལ་བཤད་གནང་སོང་བ་དང་ཆབས་ཅིག དེ་བཞིན་སྦེལ་ཀོབ་ལུགས་བསམ་གཞིས་མི་ངག་དབང་བློ་གྲོས་སམ་སྨན་པ་རྟ་ར་ལགས་ཀྱིས་རང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་སྐབས་ ༡༧ པའི་སྤྱི་འཐུས་ལྷ་རྒྱ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་སྒྲོ་བཏགས་དང་གཞི་མེད་སྐྱོན་འཛུགས་བྱེད་པར་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བའི་ར་སྤྲོད་ཀྱིས་ལོ་བརྒྱད་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཐག་གཅོད་གནང་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་འོས་མི་ཨ་རི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་ཤིག་སྤེལ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བཀའ་མོལ་གནང་ཕྱོགས་ཞིག་བཅའ་སྒྲིག་དགོངས་དོན་དང་འགལ་འཛོལ་གྱུར་ཉེན་ཡོད་པར་སླད་ཕྱིན་འདི་རིགས་མི་ཡོང་བའི་ཐུགས་གཟབ་གནང་དགོས་པའི་ཉེན་བརྡ་བཏང་ཡོད་པ་གསུངས་སོང་། དབུས་འོས་བསྡུ་ལས་ཁང་ངོས་ནས་ད་དུང་། སྔོན་འགྲོའི་འོས་བསྡུ་འདི་བཞིན་སླེབས་ལ་ཉེ་སྟབས་ས་གནས་འོས་བསྡུའི་ལས་ཁང་དང་སྲི་ཞུའི་ལས་བྱེད་རྣམ་པ། འོས་མི་རྣམ་པ་དང་གསར་འགྱུར་བརྒྱུད་ལམ་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག མང་ཚོགས་བཅས་ལ་འོས་བསྡུའི་སྐབས་བྱེད་སྒོ་ལམ་སྟོན་ཁག་ཅིག་བསྐྱར་ནན་དང་དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་རང་དབང་ལྡན་པའི་ཐོག་ལས་དོན་གྲུབ་ཀྱི་ཡོད་པ་མང་ཚོགས་ཀྱི་མཁྱེན་རྟོགས་སླད། དོན་ཚན་བདུན་ཅན་གྱི་གསལ་བཤད་ཅིག་གནང་སོང་བའི་ནང་དུ་། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་རིང་མིན་ཕྱི་ཟླ་ ༢ ནང་བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་གི་ཚོགས་འདུ་རྒྱས་འཛོམས་ཤིག་ཚོགས་གཏན་འཁེལ་ཡོད་པ་དེ་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་གནང་འོས་མ་མཆིས་པས་དངོས་གཞིའི་འོས་བསྡུ་མ་གྲུབ་བར་ཕར་འགྱངས་གནང་བ་བྱུང་ཡོད་ཅེས་སྙན་སེང་ཞུས་སོང་བ་མ་ཟད། ད་ལྟའི་སྲིད་སྐྱོང་ལས་ཐོག་མཆོག་ནས་གཏན་འབེབས་ཟིན་པའི་འོས་བསྡུའི་ལས་རིམ་དེ་བཞིན་སྔ་སྣུར་ཡོང་བའི་དགོངས་འཆར་གནང་ཡོད་ཀྱང་དབུས་འོས་བསྡུ་ལས་ཁང་ནས་དེར་དང་ལེན་ཞུས་མེད་ཅིང་། ད་དུང་སྲིད་སྐྱོང་མཆོག་ལ་དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་ནས་ལྡོག་ཏུ་མེད་པའི་ལས་དོན་ཁག་ཕུད་གཞུང་དོན་ཕྱོགས་བསྐྱོད་དང་རྒྱུན་ལྡན་མིན་པའི་གཞུང་འབྲེལ་མཛད་སྒོ་ཁག་དངོས་གཞིའི་འོས་བསྡུ་མ་གྲུབ་པའི་བར་ཕྱིར་འགྱངས་གནང་སྐྱོང་ཡོང་བའི་སྐུལ་འདེབས་ཞུ་རྒྱུ་ཡིན་པ་གསུངས་སོང་།
The post སྦེལ་ཀོབ་ལུགས་བསམ་གཞིས་མི་གཅིག་ལ་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཕྲོག་པ་དང་གཞན་ཞིག་ལ་ཉེན་བརྡ་བཏང་བ། appeared first on vot.
དེ་རིང་ཕྱི་ཟླ་ ༡ པོའི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བཀའ་ཤག་སྐབས་ ༡༦ པའི་གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ འགོ་འཛུགས་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་འདི་བཞིན། དེ་རིང་ནས་འགོ་འཛུགས་ཀྱི་གནངས་ཚེས་ ༢༥ བར་ཉིན་གྲངས་ ༣ རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། དམིགས་བསལ་གདན་ཞུས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། དེ་བཞིན་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཟླ་བ་ཚེ་རིང་ལགས་བཅས་གཏན་འཇགས་འཐབ་བྱུས་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་ཞུགས་གནང་འདུག གནད་དོན་དེའི་སྐོར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།
The post གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ པ་སྦེལ་ཀོབ་ཏུ་དབུ་འཛུགས། appeared first on vot.
ཁ་སང་ཕྱི་ཟླ་ ༡ ཚེས་ ༢༡ ༸རྒྱལ་བའི་སྐུའི་བླ་གཟའ་དང་བསྟུན། ཁྲིག་སེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་གི་གོ་སྒྲིག་འོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་ཏེ། སློབ་ཕྲུག་ནང་ཁུལ་གཏམ་བཤད་དང་རི་མོའི་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་སོང་། རྩ་བའི་༸གོང་ས་མཆོག་གིས་དེ་སྔོན་ས་གནས་ཡུལ་མི་རྣམས་ནས་སོ་སོའི་དགོན་པར་ཞབས་འདེགས་གང་ཐུབ་ཞུས་ཡོད་པར། ད་ཆ་ཡུལ་མི་རྣམས་ཀྱི་བདེ་སྡུག་དང་ཤེས་ཡོན་སློབ་སྦྱོང་སོགས་ལ་དགོན་པའི་ངོས་ནས་ཞབས་འདེགས་ཞུ་དགོས་ཞེས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན། ༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེས་གཙོས་པའི་ཁྲིག་སེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་གི་ཚོགས་སྡེ་གཉིས་ནས། ས་ཁུལ་ ༡༢༠ ཙམ་ནས་སློབ་ཕྲུག་ ༣༥༠ ཙམ་ལ་དགུན་ཁའི་གུང་སེང་དང་བསྟུན། རིན་མེད་ཐོག་ཟུར་ཁྲིད་ཉིན་ ༤༥ རིང་འཚོགས་བཞིན་ཡོད་ཅིང་། དེའི་ཁྲོད་ཉིན་དགུང་གི་ཞལ་ལག་དང་། སློབ་ཕྲུག་ཚོ་རང་ཁྱིམ་དུ་སྐྱེལ་རྒྱུ་སོགས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་མ་ཟད། ད་རེས་དགུན་ཁའི་ཟུར་ཁྲིད་དེ་ཐེངས་བདུན་པ་ཆགས་ཀྱི་འདུག ཁྲིག་སེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་གི་དབུ་འཛིན་དགེ་བཤེས་བྱམས་པ་བཀྲ་ཤིས་ལགས་སུ་མཛད་རིམ་དེ་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གི་གསུང་དོན་དུ། དགུན་ཁའི་ཟུར་ཁྲིད་དེའི་ནང་ལ་དྭགས་བྱང་ཐང་དང་། ལྡུམ་ར། ཟངས་དཀར། གཤམ་སྟོད་བར་གསུམ། ཆོས་ལུགས་དང་མི་རིགས་དབྱེ་བ་མེད་པའི་སྒོ་ནས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་གནང་བཞིན་ཡོད་པར་མི་མང་ཚོས་ཀྱང་དགའ་མོས་ཆེན་པོ་གནང་གི་འདུག་ཅེས་གསུངས་སོང་། གཞན་ཡང་དགུན་ཁའི་ཟུར་ཁྲིད་གནང་བའི་ཁྲོད་༸གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་འམ་ SEE Learning ཡང་སློབ་ཁྲིད་གནང་གི་ཡོད་པ་རེད། གཞན་སློབ་ཕྲུག་བར་གྱི་གཏམ་བཤད་འགྲན་བསྡུར་གྱི་བརྗོད་གཞི་ནི། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཁོང་གི་འཛམ་གླིང་ཡོངས་ལ་བྱམས་དང་སྙིང་རྗེས་སྐྱོང་བཞིན་ཡོད་པའི་སྐོར་ཡིན་པ་དང་། མཉམ་ཞུགས་ཁྲོད་སློབ་མ་ཉི་ཤུ་ཙམ་གྱི་དབྱིན་སྐད་དང་། བོད་ཡིག ཨུར་དུ། ཧིན་དྷི་བཅས་སྐད་ཡིག་བཞིའི་ལམ་ནས་གཏམ་བཤད་གནང་བ་དང་། སློབ་མ་མང་དག་ཅིག་ནས་རི་མོའི་འགྲན་བསྡུར་ནང་མཉམ་ཞུགས་གནང་སོང་། ཕྱོགས་མཚུངས་ཁ་སང་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གོ་སྒྲིག་ཚོགས་ཆུང་ནས་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་རྒྱལ་ས་གླེ་ཁུལ་དུ་དུད་འགྲོ་སེམས་ཅན་རྣམས་ལ་ཟས་རིགས་སྦྱིན་གཏོང་གི་དགེ་བའི་ལས་འགུལ་སྤེལ་བའི་བརྒྱུད་ནས་བྱམས་བརྩེའི་ལོ་སྲུང་བརྩི་གནང་འདུག དེའང་ལས་འགུལ་བ་རྣམས་ནས་ས་ཁུལ་གཙོ་བོ་བཞི་སྟེ། ཕོ་བྲང་དགའ་འཕེལ་གླིང་དུ་ར་ལུག་དང་། བྱམས་པ་དུད་འགྲོ་ཉམ་ཐག་སྐྱོབ་གསོ་ཁང་དུ་ཁྱི་འཁྱམས། དེ་བཞིན་ Live to Rescue ཞེས་པའི་སེམས་ཅན་སྨན་བཅོས་དང་སྐྱོབ་གསོ་ཁང་། ཨོ་རྒྱན་རིན་པོ་ཆེ་དགོན་པར་རི་བོང་དང་བྱ་རིགས་བཅས་ལ་བཟའ་བཅའ་འབུལ་ཡོད་འདུག ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི། ༸གོང་ས་མཆོག་གི་བྱམས་བརྩེའི་བཀའ་སློབ་ལམ་སྟོན་ཁྱབ་སྤེལ་དང་། […]
The post ལ་དྭགས་ཁྲིག་སེ་དགོན་པར་ཤེས་ཡོན་དང་སྦྱིན་གཏོང་བཅས་ཀྱི་ལས་འགུལ་ཐོག་ནས་བྱམས་བརྩེའི་ལོ་སྲུང་བརྩི། appeared first on vot.
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Press Club of India ཞེས་པར་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ། ཁོང་ཚོའི་ངོས་ནས་རྒྱ་གར་གྱི་སྲིད་བློན་ མོ་ཌི་མཆོག་གི་དབུས་པའི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་ཁག་སུམ་ཅུ་ཙམ་ལ་བོད་ནང་གི་ཛ་དྲག་ཁོར་ཡུག་གནས་སྟངས་དང་། རྒྱ་གར་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ Bharat Ratna འབུལ་བཞེས་གནང་དགོས་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་ཐབས། ཉེས་མེད་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་དང་། དབུ་མའི་ལམ་གི་ཐོག་ནས་བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་བསྐྲུན་ཐབས་ཡོང་བ་བཅས་ཀྱིས་དོན་ཚན་ལྔ་ཡོད་པའི་ཞུ་སྐུལ་གནང་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱི་དབྱིན་སྐད་དང་། ཟུང་འབྲེལ་དྲུང་ཆེ་ཆོས་དབྱིངས་སྒྲོལ་མ་ལགས་ནས་ཧིན་རྡི་སྐད་ཡིག་སོ་སོར་འབོད་སྐུལ་དགོས་འདུན་དེ་དག་གསར་འགོད་པ་ཚོར་སྙན་སྒྲོན་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་ཛ་དྲག་གི་གནད་དོན་དེ་དག་ཐོག་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་ཞུས་པ་མ་ཟད། སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག་ད་དུང་ Bharat Tibbat Samanvay Sangh ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Sandhya མཆོག་ནས་ཀྱང་རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་པའི་ངོ་བོ་རྩ་མེད་གཏོང་བའི་ཛ་དྲག་གི་སྲིད་བྱུས་དང་། རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་དགོས་པ་སོགས་ཀྱི་གནད་དོན་ཡང་གླེང་སློང་གནང་སོང་།
The post བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་སྲིད་བློན་དང་ཕྱི་རྒྱལ་གཞུང་ཚབ་སུམ་ཅུ་ཙམ་ལ་བོད་དོན་ཞུ་སྐུལ་གནང་འདུག appeared first on vot.
རྒྱ་གར་བ་སྐུ་ཞབས་ Sandesh Meshram ལགས་ཀྱིས་ཟླ་བ་སྔོན་མའི་ཚེས་ ༩ ཉིན་འཕགས་བོད་ས་མཚམས་འབུམ་ལ་ནས་འགོ་འཛུགས་གནང་བའི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་དེ་བཞིན་ཁ་ཉིན་ Meghalaya མངའ་སྡེའི་རྒྱལ་ས་ཤི་ལོང་ནང་མཇུག་སྒྲིལ་གནང་འདུག དེའང་བོད་ཀྱི་གྲོགས་པོ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་ Sandesh Meshram སཱན་ཌེ་ཤ་མཱེ་ཤེ་རམ་མམ་བསམ་གཏན་ཡེ་ཤེས་ལགས་ཀྱིས། འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩའི་ལོ་སྲུང་བརྩའི་ཆ་ཤས་སུ། སྔ་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་བོད་ས་མཚམས་འབུམ་ལ་ནས་འགོ་འཛུགས་ཀྱིས་བོད་དོན་དྲིལ་བསྒྲགས་སླད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། རྒྱང་ཐག་སྤྱི་ལེ་ ༢༦༠༤ ཙམ་གྱི་སྐོར་སྐྱོད་དེ་ཉིད་འདི་ཚེས་ ༡༩ ཉིན་ Meghalaya མངའ་སྡེའི་རྒྱལ་ས་ཤི་ལོང་ནང་མཇུག་སྒྲིལ་གནང་འདུག ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་དེ་བཞིན་སྐུ་ཞབས་ Mesharam ལགས་ཀྱིས་ད་བར་བོད་དོན་སླད་རྐང་འཁོར་སྐོར་སྐྱོད་གནང་བའི་ལས་འགུལ་ཐེངས་ ༦ པ་དེ་ཆགས་ཀྱི་ཡོད་པ་དང་། ད་ཐེངས་ཀྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་མི་མང་ལ་བོད་དོན་གོ་རྟོགས་དང་། དམིགས་བསལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། ལྷག་དོན་དུ་ཉེ་སྔོན་ཨ་རུ་ན་ཅལ་བུད་མེད་ཅིག་ཧྲང་ཧེ་གནམ་ཐང་བརྒྱུད་ཉི་འོང་དུ་བསྐྱོད་སྐབས། ཧྲང་ཧེ་གནམ་ཐང་དུ་ཁོ་མོར་གནམ་ཐང་གིས་ལས་བྱེད་ཚོས་ཆུ་ཚོད་ ༡༨ ཙམ་བཀག་འགོག་བྱས་ཏེ། ཁོ་མོའི་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་དེ་འགྲིག་མེད་སྐོར་དང་། ཨ་རུ་ན་ཅལ་དེ་ཉིད་རྒྱ་ནག་གི་ས་ཁོངས་ཡིན་ཚུལ་བཤད་པ་དེ། བདེན་དཔང་མིན་པ་དྲིལ་བསྒྲགས་ཆེད་ཡིན་པ་རེད་འདུག བསམ་གཏན་ཡེ་ཤེས་ལགས་ཀྱིས་ཐེངས་འདིའི་ལས་འགུལ་ཁྲོད་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་དང་། མེའོ་ཆོས་འཕེལ་གླིང་སོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ལྔ་ཙམ་ནང་དུ་སྐོར་སྐྱོད་གནང་འདུག ཁོང་གིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་བོད་མི་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་བ་དང་། རྒྱ་གར་བའི་ཡུལ་མི་རྣམས་ནས་ཀྱང་དོ་སྣང་ཆེན་པོ་གནང་ཡོད་སྐོར་གསུངས་བྱུང་བ་མ་ཟད། ཁོང་གིས་སླར་ཡང་འདི་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བོད་དོན་དྲིལ་བསྒྲགས་ཆེད་སྐོར་སྐྱོད་གནང་འཆར་ཡོད་པ་དང་། བྱུང་ན་ད་ལྟའི་ལས་འགུལ་མཇུག་སྒྲིལ་སའི་ཤི་ལོང་ནས་འགོ་འཛུགས་འཆར་ཡོད་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་བསམ་གཏན་ཡེ་ཤེས་ལགས་ཀྱི་རང་གི་ངོ་དེབ་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་ལྟར་ན། ཕྱི་ཚེས་ ༡༩ ཉིན་ནས་ཁོང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་མཇུག་སྒྲིལ་གནང་རྗེས། འདི་ཚེས་ ༢༠ ཉིན་ཤི་ལོང་དུ་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་ཅིང་། དེར་ཤི་ལོང་ས་གནས་འགོ་འཛིན་ལས་ཁུངས་དང་། […]
The post བསམ་གཏན་ཡེ་ཤེས་ལགས་ཀྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་དྲུག་པ་མཇུག་སྒྲིལ། appeared first on vot.
རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་ཤར་རྩེའི་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་འགོ་འཛུགས་གནང་སོང་བ་དང་འབྲེལ། རང་དབང་ལུང་པའི་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་། དེ་ཡང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་འདི་བཞིན། དེ་རིང་ཕྱི་ཟླ་ ༡ ཚེས་ ༢༡ ཉིན་རྒྱབ་ཕྱག་ཚོད་ ༢ ནས་འགོ་འཛུགས་ཀྱིས་ཚེས་ ༢༦ བར་ཉིན་གྲངས་དྲུག་རིང་འཚོགས་བཞིན་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཞྭ་སེར་བསྟན་པའི་གསལ་བྱེད་མཚུངས་མེད་ཤར་པ་ཆོས་རྗེ་༸རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས། སྐུ་མགྲོན་གཞན། མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༨ པའི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་མཐོ་སློབ་དང་དགོན་སྡེ་ཁག་ ༣༠ ལྷག་ནས་ཚོགས་བཅར་བ་དང་ཧྥ་རན་སི་དང་སུད་སི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་མ་བཅས་ཁྱོན་མི་གྲངས་ ༨༠ ཙམ་ནས་ལྷན་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས། ད་བར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ ཚོགས་ཐུབ་ཡོད་པར་ཧ་ཅང་ཡག་པོ་རེད་ཅེས་བསྔགས་བརྗོད་དང་འབྲེལ། འཛམ་གླིང་འདིའི་ནང་ཤེས་ཡོན་ཡོད་པའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་རྒྱ་ཆེ་སྒྲུབ་བཞིན་ཡོད་པའི་སྐྱེ་བུ་དེ་དག་ལ་ཁ་མིག་ཡར་ལྟ་བྱས་ནས། སོ་སོ་རང་ཉིད་ཀྱང་དེ་མཚུངས་ཀྱི་དམིགས་ཡུལ་རྒྱ་ཆེར་འཛིན་ན། མ་འོངས་པར་དེ་ལྟར་བསྒྲུབ་རྒྱུ་ངེས་པ་ཡིན་སྟབས་པར་དེའང་གཞན་ལ་ཕན་ཐོགས་དགོས་རྒྱུ་གལ་ཆེན་པོ་ཡིན་མ་ཟད། བོད་ཀྱི་སྐད་དང་ཡི་གེ་ལ་གཅེས་འཛིན་དང་། དེང་དུས་ཀྱི་སློབ་སྦྱོང་ཡོད་པའི་ཐོག་ནས་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་བྱ་དགོས་གལ་སོགས་ཀྱི་ལམ་སྟོན་གནང་སོང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས། སྔ་ལོའི་ཚོགས་ཆེན་ཐོག་སྐབས་ ༡༨ འདི་བཞིན་དགའ་ལྡན་ཤར་རྩེར་འཚོགས་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་སྟེ་ལན་གསལ་འབྱོར་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་བ་དང་འབྲེལ། འབྲེལ་ཡོད་གྲྭ་ཚང་གི་སྡེ་ཁག་ནས་མཐུན་འགྱུར་ཞུས་ཡོད་པ་མ་ཟད། ད་རེས་ཚོགས་ཆེན་དེའི་བརྒྱུད་ནས་བློ་སྐྱེད་ཡོང་རྒྱུར་འབད་བརྩོན་གནང་གལ་དང་། དུས་ཚོད་ཆུ་ཟོས་སུ་མ་ཡོང་བ་བྱ་དགོས་ཤིང་། མ་འོངས་བོད་ཀྱི་ཆབ་སྲིད་དང་དགོན་སྡེ་ཁག་གི་འཛིན་སྐྱོང་སྤེལ་གསུམ་དེ་དག་མི་རབས་གསར་པར་ཐུག་ཡོད་སྟབས། དེའི་ཐོག་གོ་རྟོགས་དང་ཤེས་ཡོན་ཡག་པོ་ཤིག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་སོགས་གནང་སོང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས། རྩ་ཆེ་བའི་བཀའ་འགྱུར་དང་བསྟན་འགྱུར་དེ་དག་བོད་ཡིག་ནང་བཞུགས་ཡོད་ཅིང་། དེ་དང་འབྲེལ་ནས་རིག་གཞུང་རྒྱུན་འཛིན་གནང་དགོས་གལ་ཡིན་པ། ཆོལ་གསུམ་གཅིག་སྒྲིལ་ནི་སྐད་ཡིག་གི་མཚོན་ཐུབ་ཀྱི་ཡོད་པ། མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཕེབས་མ་ཐག་བོད་པའི་སློབ་གྲྭ་ཟུར་འཛུགས་ཀྱིས་ད་བར་བོད་མི་རིགས་ཀྱི་ངོ་བོ་རྒྱུན་མཐུད་ནས་འཛིན་ཡོད་པར། མ་འོངས་པ་ལའང་གཞོན་སྐྱེས་ཚོས་དེ་བཞིན་རྒྱུན་འཛིན་གནང་དགོས་གལ་ཡིན་པའི་དྲན་སྐུལ་གནང་སོང་། ལྷག་པར་ད་ལྟའི་ཆར་རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ནས་སྐད་ཡིག་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་བརྡ་ལན་གནང་སོང་། རྩ་བའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཕྱི་ལོ་ […]
The post བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་འགོ་འཛུགས་དང་འབྲེལ་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དགོས་པ་ནན་བརྗོད། appeared first on vot.
གནས་མཆོག་རྡོ་རྗེ་གདན་དུ་འདི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཅུའི་རིང་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༧ པ་དེ་འཚོག་བཞིན་འདུག གཞི་རྩའི་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ཐོག་མར་ཕྱི་ལོ་ ༡༩༨༩ ལོར་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྨོན་ལམ་ཆེན་མོ་དེ་ཉིད་ལོ་གསུམ་རིང་མ་གཏོགས་ཚོགས་འཆར་མེད་པ་དེ་ལྟར་ཡང་ཕྱིས་སུ་སྔ་འགྱུར་རྙིང་མའི་བླ་སྤྲུལ་མཁན་པོ་བར་གྲོས་བསྡུར་རིམ་པ་བྱུང་རྗེས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དེ་མུ་མཐུད་ལོ་ལྟར་འཚོག་དགོས་པའི་ཐག་གཅོད་བྱུང་འདུག །ཕྱི་ལོ་ ༡༩༩༣ ལོར་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་ཏེ། རྒྱ་གར་ལྷོ་ཕྱོགས་སུ་ Nyingma Monlam Chenmo International Foundation ཞེས་རྒྱལ་སྤྱིའི་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་པ་ཞིག་གསར་འཛུགས་ཀྱིས་གཞུང་འབྲེལ་དེབ་སྐྱེལ་གནང་སྟེ། དེ་ནས་བཟུང་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ཉིད་ལོ་ལྟར་ཚོགས་ཀྱི་ཡོད་པ་རེད་འདུག དེ་ཡང་ཐེངས་འདིའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༧ པ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྭ་བའི་ནང་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༩ ནས་ ༢༨ བར་ཉིན་གྲངས་བཅུའི་རིང་འཚོགས་ཀྱི་ཡོད་པ་དང་། སྨོན་ལམ་ཆེན་མོར་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྨིན་གླིང་པད་རྣམ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་དགྱེས་སྤྲུལ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་རིན་པོ་ཆེ་མཆོག་བཅས་གདན་ཞུས་ཀྱིས། ཐོ་འགོད་གནང་བའི་ནང་དགོན་སྡེ་ཁག་ ༢༡༨ དང་དགེ་འདུན་པ་ ༥༡༤༦ བཙུན་མ་ ༧༠༠ དེ་བཞིན་མཁན་སྤྲུལ་ ༡༨༨ བཅས་ཁྱོན་ཚོགས་བཅར་བ་ ༨༠༠༠ ཙམ་ནས་མཉམ་བཞུགས་གནང་འདུག །དགོན་སྡེ་ཁག་སོ་སོའི་བླ་སྤྲུལ་གཙོས་སྔགས་པ་དང་དགེ་འདུན་པ། བཙུན་མ་སོ་སོ་ནས་རྒྱུན་ལྡན་ལྟར་སྔ་དྲོའི་ཆ་ལ་ཟབ་ཏིག་སྒྲོལ་མའི་ཆོ་ག་དང་། དེའི་མཚམས་སུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད། སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་བཟང་པོ་སྤྱོད་པའི་སྨོན་གཉིས་ལ་རྩལ་འདོན་གནང་ཞིང་མཐར་བསྟན་རྒྱས་སྨོན་ལམ་སོགས་ཀྱི་མཐའ་རྒྱན་ནས་སྨོན་ལམ་གསུང་འདོན་གནང་བཞིན་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་པའི་དྲུང་ཆེ་མཁན་པོ་འགྱུར་མེད་ཚུལ་ཁྲིམས་ལགས་སུ་ཐེངས་འདིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༧ […]
The post དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༧ པ་འཚོག་བཞིན་འདུག appeared first on vot.
༸གོང་ས་མཆོག་ནས་མང་མཇལ་ཁྲོད་བོད་ལ་ཏན་ཏན་སླེབས་ཀྱི་རེད་ཅེས་བཀའ་སྩལ་འདུག
The post ༸གོང་ས་མཆོག་ནས་མང་མཇལ་ཁྲོད་བོད་ལ་ཏན་ཏན་སླེབས་ཀྱི་རེད་ཅེས་བཀའ་སྩལ་འདུག appeared first on vot.
གནས་ཆེན་ Udaygiri རུ་གུ་རུ་རིན་པོ་ཆེའི་སྨོན་ལམ་ཆེན་མོ་དང་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་ ༢ པ་འཚོག་བཞིན་པ།
The post གནས་ཆེན་ Udaygiri རུ་གུ་རུ་རིན་པོ་ཆེའི་སྨོན་ལམ་ཆེན་མོ་དང་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་ ༢ པ་འཚོག་བཞིན་པ། appeared first on vot.
ཀོལ་ཀ་ཏའི་བོད་མིའི་ཁྲོམ་ས་ ༡༡ ལ་མེ་སྐྱོན་གྱིས་གོད་ཆགས།
The post ཀོལ་ཀ་ཏའི་བོད་མིའི་ཁྲོམ་ས་ ༡༡ ལ་མེ་སྐྱོན་གྱིས་གོད་ཆགས། appeared first on vot.
ས་སྐྱའི་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག
The post ས་སྐྱའི་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག appeared first on vot.
དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཐེངས་བཞི་པའི་ཚོགས་བཅར་དང་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་བཅས་ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་དང་སྦྲགས། ལྷག་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ནང་པའི་སློབ་གཉེར་ཁང་གསར་འཛུགས་ཀྱི་ལས་གཞིར་ཐུགས་འགན་བཞེས་མཁན་གདན་ས་ཁག་གི་མཁན་རིན་པོ་ཆེ་དང་སློབ་སྟོན་པ་ University Grants Commission (UGC) རྒྱ་གར་གཙུག་ལག་སློབ་གཉེར་ཁང་རོགས་དངུལ་ལྷན་ཁང་གི་དྲུང་ཆེ་གཞོན་པ་ Dr. Vinod Singh Yadav ཝེ་ནོད་སིང་ཡཱ་ཌེབ་བཅས་ལ་མཇལ་ཁ་བཀའ་དྲིན་སྩལ་འདུག དེ་ཡང་དེ་རིང་གི་མཇལ་ཁའི་སྐབས། བོད་བརྒྱུད་ནང་བསྟན་ནི་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་དང་། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་དང་བཅས་པའི་ཆོས་ཧ་ཅང་གི་སྤུས་དག་པོ་ཡོད་སྟབས། ལོ་བརྒྱ་ཕྲག་དང་སྟོང་ཕྲག་གནས་པའི་དོན་དུ་མུ་མཐུད་རྒྱུན་འཛིན་བྱ་དགོས་གལ་ཙམ་མ་ཟད། རྒྱ་ནག་སོགས་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་སྤུས་དག་པོ་ཞིག་དར་ཁྱབ་ཡོང་རྒྱུའི་ཐད་འགན་འཁུར་དང་དགོངས་བཞེས་དགོས་གལ་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ། དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་ཆོས་བརྒྱུད་ཀྱི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་འགྲོ་བཞིན་ཡོད་ཅིང་། ད་རེས་ཐེངས་ ༤ པ་ཆགས་ཀྱི་ཡོད་པ་དང་། ད་ལོའི་ལས་གཞི་དེ་ཐོག་མ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་། དེའི་རྗེས་གནས་མཆོག་ཝཱ་རཱ་ན་སཱིར་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་པ་དེའི་སྐོར་མགོན་པོ་༸གང་ཉིད་མཆོག་ལ་སྙན་སེང་དང་། ཆོས་བརྒྱུད་གཉིས་ནས་སྨོན་ལམ་གསུང་འདོན་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་ད་རེས་ལས་གཞི་དེའི་ནང་པཱ་ལིའི་ཆོས་བརྒྱུད་འཛིན་པའི་ཁོངས་ནས་ཐའེ་ལེནྜ་དང་ལ་འོ་སི། ཀོམ་བྷོ་ཌི་ཡ། བྷར་མ། ཤྲི་ལངྐ་བཅས་དང་། ལེགས་སྦྱར་ཆོས་བརྒྱུད་ཁོངས་ནས་གདན་ས་གསུམ་གྱི་གྲྭ་ཚང་དྲུག བཀྲ་ཤིས་ལྷུན་པོ། ར་སྟོད། རྒྱུད་གྲྭ་རྣམ་གཉིས། རྣམ་རྒྱལ་གྲྭ་ཚང་། ཇོ་ནང་། དཔལ་ས་སྐྱ་སོགས་དགོན་སྡེ་ཁག་མང་པོ་ཞིག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ལས་གཞི་དེའི་ཐོག་ནས་ཆོས་བརྒྱུད་གཉིས་ཕན་ཚུན་བར་འདུལ་བའི་ཉམས་བཞེས་དང་གཞི་གསུམ་གྱི་ཆོ་ག སྒོམ་སྒྲུབ་ཉམས་བཞེས། སློབ་གཉེར། འཚོ་བའི་གནས་སྟངས། སྒྲིག་འཛུགས་ཀྱི་གནས་སྟངས་སོགས་གནད་དོན་མང་པོའི་ཐོག་གོ་བསྡུར་དང་ཤེས་ཡོན་བརྗེ་ལེན་གནང་གི་ཡོད་རེད། ལྷག་པར་དགེ་འདུན་པའི་བར་ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུར་ཕན་ཐོགས་ཡོང་གི་ཡོད་པ་རེད་འདུག ལས་གཞི་དེ་ནི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་དགའ་ལྡན་ཕོ་བྲང་ལྷོ་ཤར་ཨེ་ཤི་ཡའི་འབྲེལ་མཐུད་པའི་གོ་སྒྲིག་འོག་བསྐོང་ཚོགས་གནང་གི་ཡོད་ཅིང་། ད་བར་གདས་ས་ཆེན་པོ་འབྲས་སྤུངས་དང་སེར་ར། དགའ་ལྡན་བཅས་སུ་རིམ་པ་ཚོགས་ཡོད། མ་ཟད་དེ་རིང་༸གོང་ས་མཆོག་གིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ནང་པའི་སློབ་གཉེར་ཁང་གསར་འཛུགས་ལས་གཞིའི་སློབ་སྟོན་པ་རྒྱ་གར་གཙུག་ལག་སློབ་གཉེར་ཁང་རོགས་དངུལ་ལྷན་ཁང་ University Grants Commission (UGC) […]
The post རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་ཚོགས་བཅར་བ་དང་། UGC དྲུང་ཆེ་གཞོན་པར་མཇལ་ཁ། appeared first on vot.



