ནོར་གླིང་དུས་སྟོན་ཐེངས་དང་པོ་འགོ་འཛུགས།
Description
དེ་རིང་དྷརྨ་སཱ་ལར་རྟེན་གཞི་བྱས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དུས་སྟོན་ཐེངས་དང་པོ་འགོ་འཛུགས་གནང་སོང་བ་དང་འབྲེལ། དུས་སྟོན་འདི་བཞིན་༸རྒྱལ་བའི་གོ་སྟོན་བྱམས་བརྩེ་ལོའི་སྲུང་བརྩི་དང་ནོར་གླིང་དབུ་འཛུགས་གནང་སྟེ་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་དང་བསྟུན་ནས་གོ་སྒྲིག་ཙམ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་དེ་བཞིན་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་། དེ་ཡང་དུས་སྟོན་འདི་བཞིན་སང་ཉིན་ཚེས་ ༢༥ བར་འཚོགས་བཞིན་ཡོད་ཅིང་། དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགོན་གཙོ་བོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ Dynamatic བཟོ་ལས་ཁང་གི་གཙོ་འཛིན་ Dr. Udayant Malhoutra ལགས་དང་། འཇར་མ་ནི་གཞུང་ཚབ་ཀྱི་ཆབ་སྲིད་དྲུང་ཆེ་ Nikolaus Koch ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་བཀའ་ཟུར་འཕགས་པ་ཚེ་རིང་ལགས་དང་སྤྱི་ཟུར་ཟླ་བ་ཕུན་སྐྱིད་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ནོར་གླིང་སྤྱི་ཁྱབ་འགན་འཛིན་ཚེ་རིང་ཕུན་ཚོགས་སོགས་ཕྱི་ནང་གི་སྐུ་མགྲོན་གཞན་དང་ནོར་གླིང་གི་ལས་བྱེད། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལྷན་ཞུགས་གནང་སོང་། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས། ཀུན་གྱི་དགོངས་མངའ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་གཟིགས་པའི་འོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གསར་འཛུགས་གནང་སྟེ། ད་ཆ་ལོ་ངོ་ ༣༠ འཁོར་གྱི་ཡོད་ཅིང་། སྐབས་དེ་དུས་༸རྒྱལ་བའི་ལམ་སྟོན་དང་ཕྱག་དངུལ་གསོལ་རེས། སྦྱིན་བདག་ཁག་ངོ་སྤྲོད། དེ་བཞིན་བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པ་སོགས་ངོ་སྤྲོད་གནང་སོང་བ་མ་ཟད། བཙན་བྱོལ་དུ་གྱར་བའི་བོད་པའི་སྒྱུ་རྩལ་བ་འདུ་རུབ་ཀྱི་སྤྱི་བའི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་པ་དང་། སྐབས་དེར་བཀའ་བློ་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གིས་ཐུགས་འཁུར་ཆེ་བཞེས་ཀྱིས་གཞི་རྒྱ་ཆེ་བའི་ཕྱག་ལས་གནང་རྗེས། ད་ཆ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་ཐུགས་འགན་བཞེས་མུས་ཡིན་པ་སོགས་གསུངས་སོང་། དུས་སྟོན་གྲུབ་མཚམས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། འདས་པའི་ལོ་ངོ་ ༣༠ ནང་ནོར་གླིང་ལས་བྱེད་པས་སྐུ་ལས་བསྐྱོན་ནས་བོད་པའི་བཟོ་རིག་པའི་སྒྱུ་རྩལ་ཚད་མཐོ་བོའི་ཐོག་སྲུང་སྐྱོབ་གནང་ཐུབ་པ་བྱུང་ཡོད་པ་དེ་སྤོབས་པ་ཆེན་པོའི་ཐོག་ནས་ཕྱིའི་འཛམ་གླིང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྤེལ་གནང་རྒྱུ་དེ་གཙོ་བོ་ཡིན་པ་དང་། དེ་ལྟ་བུའི་དུས་སྟོན་འདི་བཞིན་ལོ་ལྟར་གོ་སྒྲིག་ཞུ་འཆར་དང་། ཕྱོགས་གཞན་ཞིག་ནས་རང་ཁ་རང་གསོའི་སླད་དུ་ཚོང་འགྲེམས་དང་རིག་གཞུང་ལ་རྒྱབ་སྐྱོར་ཐོབ་ཐབས་སོགས་ལའང་དམིགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་། ལྷག་པར་ད་ཆ་གདོང་ལེན་བྱ་དགོས་པ་གཙོ་བོ་ཞིག་ནི། བོད་པའི་མི་རབས་གསར་པ་ཚོས་བོད་ཀྱི་བཟོ་རིག་པར་དེ་ཙམ་གྱི་དོ་སྣང་དང་མཉམ་ཞུགས་གནང་མ་ཐུབ་པའི་དཀང་ངལ་ཡོང་གི་ཡོད་སྟབས། དེར་ཐབས་ལམ་དང་དེ་བཞིན་ཧི་མ་ལ་ཡའི་བོད་རིགས་ཁུལ་ནས་དོ་སྣང་གནང་མཁན་གང་འཚམས་ཡོང་གི་ཡོད་པར་ཁོང་ཚོར་སྦྱོང་བརྡར་སྤྲད་དང་སྤྲོད་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་དགེ་རྒན་ལས་བྱེད་སོགས་ཕྱག་ལས་ཡག་པོ་གནང་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་རེས་དུས་སྟོན་ཐོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། བཙུན་དགོན་སྒྲོལ་མ་གླིང་སོགས་ནས་༸རྒྱལ་བའི་མཛད་འཕྲིན་དང་བོད་ཀྱི་རིག་གནས་སོགས་འགྲེམས་སྟོན་གནང་བཞིན་ཡོད་ཅིང་། ལྷག་པར་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་པའི་བཟོ་རིག་པའི་ལག་རྩལ་གྱི་རྒྱུད་རིམ་མཐིལ་ཕྱིན་པ་འགྲེལ་བཤད་རྒྱག་ཐུབ་པའི་འབད་བརྩོན་གནང་གི་ཡོད་ཅིང་། […]
The post ནོར་གླིང་དུས་སྟོན་ཐེངས་དང་པོ་འགོ་འཛུགས། appeared first on vot.



