རྒྱུན་དུ་བོད་ཀྱིས་ངའི་སེམས་ནང་དམིགས་བསལ་གནས་བབ་ཅིག་བཟུང་ཡོད་ཅེས་གསུངས་འདུག
Description
ཉི་འོང་ Takatsuki ཏ་ཀ་སུ་ཀི་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཞུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཞོན་དང་མཇལ་འཕྲད་ཞུས་ཏེ་རྒྱུན་དུ་བོད་ཀྱིས་ངའི་སེམས་ནང་དམིགས་བསལ་གྱི་གནས་བབ་ཞིག་བཟུང་ཡོད་ཅེས་སོགས་གསུངས་འདུག དེ་ཡང་ཁ་སང་ཚེས་ ༢༠ ཉིན་ཉི་འོང་ Osaka, Takatsuki Town ཨོ་ས་ཀའི་ཏ་ཀ་སུ་ཀི་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ Sadayuki Komori སཱ་དཱ་ཡུ་ཀི་ཀོ་མོ་རི་ལགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་ཁོང་ནས་གསར་འགོད་པར་ལས་འདེབས་ཁྲོད། མཇལ་ཁར་བཅར་དུས་དུས་རྒྱུན་དང་མི་འདྲ་བའི་ཞི་བདེ་ལྷིང་འཇགས་ལྡན་པའི་ཁོར་ཡུག་དང་མིག་ནང་མཆི་མ་འཁོར་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁོང་རང་ཉིད་ཉི་འོང་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཞིག་ཡིན་པ་དང་། ཁོང་བསྐྱོད་སའི་སློབ་གྲྭའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་ཡོད་པ་དྲན་གསོ་གནང་སོང་། དེ་བཞིན་ཁོང་རང་ཉིད་ཆུང་དུས་ནས་བཞུགས་སྒར་དྷརྨ་སཱ་ལཱར་བཅར་འདོད་ཡོད་པ་དང་། དེ་རིང་ཉི་འོང་གི་ས་གནས་ཆབ་སྲིད་པ་ཞིག་ཡིན་པའི་ཆ་ནས་བཅར་ཐུབ་པ་དགའ་པོ་བྱུང་ཞེས་གསུངས་ཏེ། ཉི་འོང་ནང་གི་མི་མང་པོས་བོད་ནང་གི་དཀའ་ངལ་སྐོར་ཤེས་རྟོགས་མེད་པ་དེ་ལྟར་ཡང་། ད་རེས་རྡ་སར་བཅར་ནས་ཉི་འོང་གི་མི་སྣ་ཁག་གཅིག་ནས་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་ཐུབ་ཡོད་པ་དེ་ནི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་ ༧༠ ཙམ་གི་རིང་བོད་ལ་དཀའ་ངལ་དུ་མ་འཕྲད་ཡོད་ཅིང་། ལོ་ཡུན་དེ་དག་གི་རིང་ལ་རྒྱ་ནག་ཀྱང་འགྱུར་བ་ཤུགས་ཆེ་ཕྱིན་ཏེ་ད་ཆ་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་སོང་། ལྷག་པར་ལོ་རྒྱུས་ཁྲོད་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནི་སོག་པོའི་དབང་སྒྱུར་པ་རྣམ་པས་གུས་བཀུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། བོད་ཀྱི་སངས་རྒྱས་པའི་ཆོས་ཀྱིས་སྐྱེ་འགྲོ་གྲངས་ལས་འདས་པ་ལ་སྟོབས་དང་འཚེ་བའི་ལམ་ནས་མིན་པར་སྙིང་རྗེ་དང་ཤེས་རབ་ཀྱི་སྒོ་ནས་ལམ་སྟོན་གནང་གི་ཡོད་ཅིང་། དེ་ཡང་བྱམས་པ་དང་བསམ་ཤེས། དེ་བཞིན་བཟང་སྤྱོད་ཀྱི་ནུས་པའི་འགོ་ཁྲིད་ཀྱི་ཐོག་ནས་ཡོང་གི་ཡོད་སྟབས། ད་ལྟའི་ཆར་རྒྱ་ནག་གི་ངོས་ནས་འཛམ་གླིང་ལ་རྫུན་མ་མིན་པར་བདེན་པ་དང་། དབང་སྒྱུར་མིན་པར་མཛའ་འབྲེལ་གྱི་ཐོག་ནས་འགོ་ཁྲིད་བྱ་རྒྱུར་གོ་སྐབས་བཟང་པོ་ཞིག་ཡོད་པ་རེད་ཅེས་ནན་བརྗོད་གནང་སོང་། མ་ཟད་ད་ལྟའི་དུས་རབས་ནང་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་སྙིང་རྗེའི་བསླབ་བྱ་དེ་དག་ཧ་ཅང་དགོས་ངེས་ཤིག་ཆགས་ཡོད་པ་དང་། རྒྱ་ནག་གཙོས་པའི་རྒྱལ་ཁབ་གཞན་དག་རྣམ་པས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལས་བློ་སྐྱེད་བླངས་ཏེ། འགྲོ་བ་མི་སྤྱིའི་བདེ་རྩ་ལ་དམིགས་པའི་ཞི་བདེ་དང་བདེ་སྐྱིད། མཛའ་མཐུན་ཅེས་ཀྱི་ཆེད་དུ་ལག་ལེན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་སོང་། རྩ་བའི་དེའི་རྗེས་སུ་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ཏེ། ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་ཐུག་འཕྲད་ཀྱིས། ༸གོང་ས་མཆོག་དེ་སྔོན་ཁོང་སློབ་སྦྱོང་བྱ་ཡུལ་སློབ་གྲྭར་ཆིབས་བསྒྱུར་མཛད་པའི་དེ་བྱུང་ལོ་རྒྱུད་དྲན་གསོ་དང་འབྲེལ། རྒྱུན་དུ་བོད་ཀྱིས་ངའི་སེམས་ནང་དམིགས་བསལ་གྱི་གནས་བབ་ཅིག་བཟུང་ཡོད་པར་རྒྱུ་རྐྱེན་དེས་དྷརྨ་སཱ་ལཱར་ཡོང་རྒྱུར་སེམས་འགུལ་ཐེབས་ཡོད་པ་གསུངས་འདུག སྐབས་དེར་ཚོགས་གཞོན་མཆོག་གིས། བོད་ནང་གི་རྫ་དྲག་གནས་སྟངས་དང་འབྲེལ་ནས། བོད་མིར་ཆོས་ཕྱོགས་དང་སྐད་ཡིག རིག་གཞུང་ཐོག་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། འཕྲལ་མར་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་ངེས་ཡིན་པའི་གླེང་སློང་ཐོག ང་ཚོ་རྒྱ་ནག་མི་མང་དང་ཁ་གཏད་མིན་པར་བོད་མི་རྣམས་འུ་ཐུག་སྟེ་རང་ལུས་མེར་བསྲེགས་ཀྱི་ལམ་ལ་འཇུག་པའི་རྒྱ་དམར་གཞུང་གི་སྲིད་བྱུས་ལ་ཁ་གཏད་ཡིན་པ་ནན་བརྗོད་གནང་འདུག ད་དུང་རྒྱ་གཞུང་གིས་བོད་ཀྱི་འཇིག་སླ་བའི་ཁོར་ཡུག་གཏོར་བཤིག་གི་གནད་དོན་གླེང་སློང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དང་ཚོང་འབྲེལ་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཁོར་ཡུག་གཏོར་བཤིག་ཐད་འཁན་འཁུར་ཡོད་པ་བཟོ་དགོས་ཞེས་འབོད་སྐུལ་གནང་འདུག Sadayuki Komori སཱ་དཱ་ཡུ་ཀི་ཀོ་མོ་རི་ལགས་ནས་གཞན་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་སུ་ཕེབས་ཏེ། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་ལྷན་དུ་ཐུག་འཕྲད་གནང་འདུག
The post རྒྱུན་དུ་བོད་ཀྱིས་ངའི་སེམས་ནང་དམིགས་བསལ་གནས་བབ་ཅིག་བཟུང་ཡོད་ཅེས་གསུངས་འདུག appeared first on vot.



