མིས་བཟོས་རིག་ནུས་ཆེད་ལས་པ་བོད་པའི་གཞོན་སྐྱེས་ཤིག་ལ་གཟེངས་རྟགས་ཐོབ་པ།
Description
ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་སྙན་གྲགས་ཆེ་བའི་ International Business Machines Corporation (IBM) བཟོ་གྲྭའི་ལས་ཁུངས་ནས་སྦེང་ལོར་དུ་མིས་བཟོས་རིག་ནུས་ཆེད་ལས་པའམ་ AI Engineer ཕྱག་ལས་གནང་བཞིན་པའི་བོད་པའི་ན་གཞོན་བློ་བཟང་བཀྲ་ཤིས་ལགས་སུ་ཕྱི་ལོ་ ༢༠༢༥ ལོའི་ Growth Award འམ་འཕེལ་སྐྱེད་གཟེངས་རྟགས་འབུལ་བཞེས་གནང་འདུག གཟེངས་རྟགས་འདི་བཞིན་བློ་བཟང་བཀྲིས་ལགས་སུ་འབུལ་དོན་གཙོ་བོ་ཁོང་གིས་མིས་བཟོས་རིག་ནུས་ཐོག་ནས་འཕྲུལ་ལས་ཀྱི་ཚོང་རའི་ནང་ལེགས་སྐྱེས་དང་ལྷག་དོན་དུ་བཟོ་གྲྭའི་ཡོངས་བབ་ལ་ཨ་སྒོར་སྟོང་ཕྲག་མང་པོའི་ཁེ་ཕན་ཆེན་པོ་བྱུང་བའི་ཆེ་མཐོང་གྱི་གཟེངས་བསྟོད་གནང་བ་ཞིག་ཡིན་པར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་། ཁོང་གིས་རང་ཉིད་ཀྱི་ལས་ཁུངས་ནང་གཙོ་བོ་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་ ChatGPT དང་དེ་ལྟ་བུའི་མཉེན་ཆས་སྣ་མང་བཟོ་སྐྲུན་ཀྱི་ལས་དོན་གཙོ་བོ་སྒྲུབ་བཞིན་ཡོད་ཅིང་། མ་འོངས་པར་སྤྱི་ཚོགས་ཀྱི་དགོས་མཁོར་དཔག་པའི་ཚོང་དང་། དཔལ་འབྱོར། འཕྲོད་བསྟེན། འཕྲུལ་རིག་སོགས་ཀྱི་རྒྱུན་སྤྱོད་ལ་དུས་ནས་དུས་སུ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པར་མིས་བཟོས་རིག་ནུས་ཀྱི་ཐོག་ནས་ཕུགས་ལ་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་འཕྲུལ་རིག་ཀྱི་ཚོང་ར་ལ་ཁ་ལོ་འགྱུར་བཞིན་པ་གསུངས་སོང་། བློ་བཟང་བཀྲིས་ལགས་ཐོག་མའི་ཆར་ནོ་ཀི་ཡ་ Nokia འཕྲུལ་ལས་བཟོ་གྲྭའི་ནང་མཉེན་ཆས་བཟོ་སྐྲུན་པའི་ཕྱག་ལས་གནང་ཡོད་པ་དང་། དེ་ནས་རིམ་བཞིན་ཝོ་ཌ་ཕོན་ Vodafone ཨ་རིའི་འཕྲུལ་ལས་ཁང་ Salesforce ཞེས་པའི་ཡན་ལག་ལས་ཁུངས་བཅས་ཀྱི་ནང་ལོ་ངོ་བཞི་ལྷག་གི་རིང་ལས་སྣེ་འདྲ་མིན་ཐོག་ཕྱག་ལས་གནང་མྱོང་ཡོད་འདུག མ་ཟད་ལས་ཞོར་དུ་སེར་བྱེས་དྲྭ་ཐོག་སློབ་གྲྭ་གཙོ་བོ་གྱུར་བའི་བོད་པའི་སྤྱི་ཚོགས་ཁྲོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་དྲ་རྒྱ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་སྣ་མང་སྒྲུབ་མུས་རེད་འདུག མ་འོངས་བོད་པའི་ན་གཞོན་ཚོར་ཁོང་གི་ཆེད་ལས་དང་འབྲེལ་བའི་ལམ་སྟོན་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་སློབ་གྲྭའི་དུས་ནས་གཏན་འབེབས་ཡོད་པའི་ཀམ་པུ་ཀྲར་འཕྲུལ་རིག་ཀྱི་སློབ་ཚན་ཁག་ལ་ཤེས་ཡོན་སློབ་ཚན་གྱི་ངོ་བོའི་ཐོག་ནས་བདམས་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་དོ་དབྱིངས་ཆེན་པོས་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་དང་འབྲེལ། ཕྱིས་སུ་མཐོ་སློབ་འགྲིམས་པའི་སྐབས་སུའང་འཕྲུལ་ལས་རིག་པའི་རབ་འབྱམས་པའི་ (B.Tech) ལག་འཁྱེར་བླངས་བ་ཙམ་མིན་པར་དེ་དང་འབྲེལ་བའི་བྱེ་བྲག་སློབ་ཚན་འདྲ་མིན་ཡོད་པ་རྣམས་ལ་དོན་དམ་པའི་སྦྱོང་བརྡར་གནང་ཐུབ་ཚེ་ཕྱིས་སུ་ཆེད་ལས་ལ་དཀའ་ངལ་དེ་ཙམ་མེད་པར་གསུངས་སོང་། སྤྱིར་བློ་བཟང་བཀྲིས་ལགས་ནི་ཕྱི་ལོ་ ༢༠༠༧ ལོར་བོད་ནས་རྒྱ་གར་དུ་གསར་དུ་འབྱོར་ཞིང་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་། དེའི་ཡན་ལག་རཱཇ་པུར་བོད་ཁྱིམ་སློབ་གྲྭར་འགྲིམས། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་ Vellore Institute of Technology (VIT) མཐོ་སློབ་ནས་བསླབ་པ་མཐར་སོན། རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་གསར་འཛུགས་གནང་མཁན་གྲས་དང་། རྒྱུན་དུ་བོད་ཀྱི་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་པ་རེད། ལྷག་དོན་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་དར་སྤེལ་དང་། […]
The post མིས་བཟོས་རིག་ནུས་ཆེད་ལས་པ་བོད་པའི་གཞོན་སྐྱེས་ཤིག་ལ་གཟེངས་རྟགས་ཐོབ་པ། appeared first on vot.



